ངོ་རྒོལ་གྱི་དོན་སྙིང།

“པ་ལ་ཁའི་རང་ལུས་མེར་བསྲེགས་ནི་བློས་རྟོགས་དཀའ་བ་དང་སྤུས་ཚད་ཅུང་ཞན་པ་ཞིག་རེད། འདི་ནི་སྤྱིར་མིའི་རིགས་ཀྱི་བཟང་སྤྱོད་ཀྱི་རིན་ཐང་མཚོན་པ་ཡིན་ལ། འདིས་སེམས་ཚོར་ཆེན་པོ་སློང་བ་དང། དྲི་བ་མང་པོ་འབྱུང་བ། གླེང་སློང་ཤུགས་ཆེན་འབྱུང་བཞིན་ཡོད་ལ་འདིའི་ལེགས་ཉེས་ཐད་ལ་དགག་བཞག་མང་པོ་འབྱུང་བཞིན་ཡོད། ཁོང་ནི་བསྟོད་སྨད་གཉིས་ཀ་བྱེད་ས་ཞིག་ཆགས་ཡོད།”

ཡི་རི་སྲ་ཇིས། ༢༠༠༩་ལ།

ཕྱི་ལོ་༡༩༦༩ལོའི་ཟླ་བ་༡པོ་རྫོགས་ནས་བགྲང་བྱ་བཅུ་ཕྲག་ཁ་ཤས་འདས་ཟིན་ནའང་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་ནི་དུས་ད་ལྟ་ཡང་འགྲོ་བ་མིའི་ཚེ་སྲོག་གི་གཞི་རྩའི་རྩ་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། མི་མང་པོ་ཞིག་གིས་ཁོང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐད་ལ་ཕྱོགས་གང་ཅིའི་ཐད་ནས་འགྲེལ་བཤད་རྒྱག་ཐབས་བྱེད་བཞིན་མཆིས་ལ། ཁོང་ཚོའི་འགྲེལ་བཤད་ནང་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་དེའི་རྐྱེན་པས་ཁོང་ཚོའི་བསམ་བློའི་ནང་བཞག་པའི་བག་ཆགས་ཀྱི་ཤུགས་རྐྱེན་དག་མཚོན་ཐུབ། སྤྱིར་འགྲེལ་བཤད་རྒྱག་སྟངས་ཐད་ལ་ཆོས་ལུགས་དང་གྲུབ་མཐའ། ཆབ་སྲིད། ཀུན་སྤྱོད་འདྲ་མིན་བཅས་ལ་གཞི་བཞག་ནས་རྒྱག་གི་ཡོད་པ་ནི་ཆོས་ཉིད་རེད། ཁོང་ཚོ་ཕལ་ཆེ་བས་པ་ལ་ཁའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་གཞི་རྩའི་དྲི་བ་འདི་དག་ལ་ལན་རྒྱག་ཐབས་བྱས་ཡོད་དེ། “མི་ལ་རང་བཞིན་ལྷན་སྐྱེས་ཀྱི་རང་གི་མི་ཚེ་ལ་ཐག་གཅོད་བྱེད་རྒྱུའི་ནུས་པ་ལྡན་ནམ། ཁོས་མི་གཞན་གྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་ཕོད་དམ། ཁོས་རང་གིས་འདོད་མོས་ཀྱི་ཐག་གཅོད་འོག་མི་གཞན་པ་རྣམས་རང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་མཐུན་པའི་རྗེས་འབྲང་ཞིག་ཏུ་བསྒྱུར་ཐུབ་བམ།” ང་ཚོས་འགྲེལ་བཤད་ཀྱི་དཔེ་མཚོན་འདི་དག་ལ་བལྟས་ཚེ་ཡཱན་པ་ལ་ཁ་དང་ཁོང་གི་ཞལ་ཆེམས་ལས་གང་གསལ་ཡོད་པར་ཤེས་རྟོགས་ཐུབ་ངེས།

མཛེས་དཔྱོད་པ་དང་དཔྱད་བརྗོད་པ་ཡིན་དྷི་རིཥ་ཁ་ལུ་པེ་ཙི་ཀི་(Jindřich Chalupecký)ཡིས་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཐད་གནད་དོན་གཉིས་ཀྱིས་སྒོ་ནས་དབྱེ་མཚམས་ཕྱེས་ཡོད་དེ། དང་པོ་ནི། བདེན་པ་གང་ཡིན་པའམ་གང་སྣང་བ་དེ་ཁས་ལེན་རྒྱུ། དེ་ནི་སེམས་ཚོར་དང་རྒྱུ་མཚན་མི་ལྡན་པའི་རིགས་རྣམས་སོ། གཉིས་པ་ནི། དོན་རྐྱེན་གང་ཡིན་པ་དེ་གཞན་མྱོང་འཐུས་ཚབ་བྱེད་པ་དང་རིགས་པའི་རྗེས་སུ་འབྲངས་ནས་འགྲེལ་བརྗོད་བྱེད་པའོ། དེ་ནི་འགབ་མཐུན་གྱི་འགྲེལ་བརྗོད་རིགས་ཁས་ལེན་བྱེད་པ་མ་ཟད་དམག་ཤོག་རིང་ལུགས་ཀྱི་སྤྱི་འཐུས་ཝི་ལིམ་ནོ་ཝིས་ཀྱིས་མི་བདེན་རྫུན་སྒྲུབ་ཀྱི་སྒོ་ནས་གཡོ་ལྷད་བྲལ་བའི་ན་གཞོན་ཁོང་ཉིད་ལ་ཉེས་འཛུགས་བྱེད་པ་རྣམས་ཀྱང་ཚུད་ཡོད། འོན་ཀྱང་ཁ་ལུ་པེ་ཙི་ཀིས་(Chalupecký)ལྟར་ན་མི་ཕལ་མོ་ཆེའི་རྣམ་འགྱུར་སྟོན་སྟངས་ནི་གདོད་མའི་ཆོ་གའི་སྣང་བརྙན་དང་མཚུངས་ལ་དེའི་ནང་ནས་ཀྱང་འཁྲབ་སྟོན་པ་གཙོ་བོ་དེ་ནི་ཉེས་སྐྱོན་བྲལ་བའི་ན་གཞོན་གང་གིས་རང་སྲོག་བློས་གཏོང་བྱས་པ་དེ་ཆགས་ཡོད། འདི་ལ་རྒྱུ་མཚན་གྱི་སྒོ་ནས་བསམ་བློ་གཏོང་རྒྱུ་ཞིག་ལྷག་མེད་མོད། ཡཱན་པ་ལ་ཁ་སྨན་ཁང་དུ་ཡོད་སྐབས་ཁོས་ཆེས་མཐའ་མཇུག་ཏུ་བརྗོད་པའི་གོ་དོན་རྟོགས་དཀའ་བའི་སྐད་ཆ་དག་ལས་ར་སྤྲོད་ཐུབ་པ་ཡིན། མ་ཟད་དལ་ཅག་གེར་ལུས་པའི་གྲུབ་འབྲས་འདིས་ཁོང་གི་ཆབ་སྲིད་ཀྱི་དགོས་དམིགས་དང་རྦད་དེ་འགལ་ཟླར་གྱུར་ཡོད།

>>>

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡ཚེས་༢༥ཉིན་ཁོང་གི་དུར་མཆོད་ལ་བཅར་མཁན་གྱི་མི་རྣམས་སྐྱོ་གདུང་དྲག་པོས་མནར་ཡོད་པ་ཤེས་ཐུབ། ཁོང་ཚོ་སུས་ཀྱང་གཞུང་ལ་རྒོལ་རྡུང་གྱེན་ལངས་བྱས་མེད། དེ་ལྟར་ན་ཡང་ཡཱན་པ་ལ་ཁའི་གྱེས་ཕྱག་ཞུ་ཡིག་གི་ནང་དུ་“དཔལ་འབར་ཨང་༡” ཞེས་མཚན་རྟགས་བཀོད་ཡོད། “ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་དེས་མཁྲེག་འཛིན་གྱི་བསམ་བློ་རྙིང་པ་ལས་རིམ་བཞིན་བརྒལ་ནས་དེང་དུས་རྒྱུ་མཚན་རིགས་པའི་འཆིང་རྒྱ་ལས་ཀྱང་གྲོལ་ཡོད།” ཅེས་ཁ་ལུ་པེ་ཙི་ཀིས་འགྲེལ་བརྗོད་བྱས་ཡོད། བརྗོད་དོན་འདི་ལྟར་ན་རང་ལུས་མེར་བསྲེགས་བྱེད་པ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་ཁྲོད་དུ་རྒྱུ་འབྲས་ལ་རྡོག་རོལ་དུ་གཏོང་བར་འདོད། རང་ལུས་མེར་བསྲེགས་དང་བསྡུར་ན་ཉིན་རེའི་ཆབ་སྲིད་ཀྱི་ཛ་དྲག་གི་འགལ་ཟླ་རྣམས་ཧ་ཅང་གི་གཙིགས་ཆུང་བ་ཞིག་རེད།

ཡཱན་པ་ལ་ཁའི་མི་ཚེའི་ལོ་རྒྱུས་ཀྱི་འགྲེལ་བཤད་མང་པོ་ཞིག་སྐབས་བབ་ཀྱི་ཆབ་སྲིད་ཀྱི་གནས་བབ་ལས་བརྒལ་ཏེ་ཆོས་ལུགས་ཀྱི་བཤད་ཡམས་ཤིག་ཏུ་ཆགས་ཡོད། ཁོང་ཚོས་བཤད་པ་ལྟར་ན། ཁོང་གི་ངོ་རྒོལ་གྱི་དོན་སྙིང་རྣམས་ཁོང་གི་འདོད་དོན་ལྟར་མ་བྱུང་བར་གནས་སྐབས་ཕམ་ཉེས་བྱུང་བའམ་ཡང་ན་ཛཱ་ཁ་ལོས་ཝ་ཀིའི་སྤྱི་ཚོགས་ཀྱི་ཕམ་ཉེས་ལ་མ་ལྟོས་པར་ངེས་པར་དུ་མི་ཚེ་ཧྲིལ་པོ་ཞིག་གི་དུས་ཡུན་ལ་བལྟ་དགོས་ཟེར། ལྟ་གྲུབ་སྨྲ་བ་ལ་དྷི་སི་ལ་ཝ་ཧེའི་ཌ་ནེག་གིས་(Ladislav Hejdánek)མཐོང་སྣང་ལ་ཡཱན་པ་ལ་ཁའི་རང་སྲོག་བློས་གཏོང་བྱས་པ་འདི་ནི་ “ང་ཚོས་བྱེད་དགོས་པ་དང། སྒྲུབ་དགོས་པ། རང་ཅག་གི་ཉེ་འཁོར་དུ་ཡོད་པའི་སྤྱི་ཚོགས་དང་མི་རྣམས་དང། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཕན་བདེའི་ཆེད་དུ་ངེས་པར་དུ་ང་ཚོས་མི་ཚེ་ཧྲིལ་པོ་བློས་གཏོང་བྱ་དགོས་པའི་དངོས་བྱུང་གི་དཔེ་མཚོན་ཞིག་རེད།“ ཅེས་བརྗོད་ཡོད། ཡེ་ཤུའི་ཆོས་དཔོན་ཡ་ཀུབ་ཨེ་སི་ཏོ་རོ་ཡན་ (Jakub S. Trojan) མཆོག་གིས་ཨོལ་ཤ་ནི་དུར་ཁྲོད་དུ་(Olšany Cemetery)་ཡཱན་པ་ལ་ཁའི་དུར་མཆོད་མཛད་སྒོའི་སྐབས་བཀའ་སློབ་བསྩལ་སྐབས་ཁོང་གིས་ཡཱན་པ་ལ་ཁ་ནི་འཛམ་གླིང་གི་ཆོས་ལུགས་ཀྱི་དབུ་ཁྲིད་གྲགས་ཅན་ཡཱན་ཧུ་སི་ (Jan Hus) དང་། ཡཱན་ཨ་མོ་སི་ཀོ་མེན་སི་ཀི་(Jan Ámos Komenský)། ཡེ་རོ་ནིམ་པཱ་ར་ཤི་སི་ཀི (Jeroným Pražský)། མ་ཧཱ་ད་མ་གྷན་དྷི (Mahatma Gandhi)། ཨེལ་སྦར་ཊི་ཤི་ཝ་ཡི་ཛར་ (Albert Schweitzer) རམ་ཡང་ན་མར་ཊིན་ལུ་ཐར་ཀིང་ (Martin Luther King) བཅས་ཀྱི་ཁྲོད་དུ་དཔེ་མཚོན་དུ་བཞག་ཡོད་པ་རེད། ཁོང་གི་བསམ་ཚུལ་ལ་འདི་ནི་”བརྩེ་སེམས་ཀྱི་ཀུན་ནས་བསླང་པའི་དྭངས་གཙང་ལྷད་མེད་ཀྱི་ལས་འགུལ་“ཞིག་ཡིན་པ་དང་ “དེས་ངལ་ཞིང་དུབ་པ་དང་རེ་བའི་ཕོངས་པའི་མི་རྣམས་ལ་རྟག་ཏུ་རེ་བའི་གསོན་ཤུགས་སྦྱིན་མཁན་ཞིག“ཡིན་པར་འདོད་དོ། ཡེ་ཤུའི་ཀེ་ཐོ་ལི་ཁའི་ཆོས་དཔོན་དང་གཙུག་ལག་སློབ་དཔོན་ཆེན་མོ་ཐཱོ་མོ་སི་ཧ་ལིཁ་ཡིས་ཀྱང་དེ་ལྟར་འདྲ་མཚུངས་སུ་འདོད་ཡོད་དེ། ཁོས་ཡཱན་པ་ལ་ཁའི་ཞལ་ཆེམས་ནི་བཟང་སྤྱོད་ཀྱི་བློས་གཏོང་གི་རང་བཞིན་ཞིག་ཡིན་པ་ལས་རྒྱུན་ལྡན་གྱི་སྲིད་དབང་ལམ་ལུགས་ལ་མགོ་བཏགས་ཞུས་པ་རྩ་བ་ནི་མིན་པར་འདོད།

>>>

གཞན་ཡང་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་ལ་ལྡོག་ཕྱོགས་ཀྱི་ལྟ་སྟངས་འཛིན་མཁན་ཡང་མང་པོ་ཡོད་དེ། ཁོང་ཚོས་བསམ་པར་འདི་ལྟ་བུའི་ངོ་རྒོལ་བྱས་པ་ནི་ཡོ་རོབ་ཀྱི་སྲོལ་རྒྱུན་དང་མི་མཐུན་པར་འདོད་ལ། སྤྱིར་བཏང་དགག་བཞག་བྱེད་མཁན་ཚོས་རང་སྲོག་བཅད་དེ་འཛམ་གླིང་མི་ཡུལ་དང་ཁ་བྲལ་བ་ནི་ཁས་ལེན་ཐབས་བྲལ་བའི་བྱ་སྤྱོད་ཅིག་ཏུ་མཐོང་བས་ཕྱིར་རོ། འདི་གཉིས་པོ་ནི་ཡཱན་པ་ལ་ཁའི་སྐོར་ལ་དཔྱད་བརྗོད་ཀྱི་རྩོད་གཞི་གཉིས་པོ་རེད། གཞུང་མེད་རིང་ལུགས་པ་ཨོན་དྷེ་རེ་ཡེ་སི་ལ་ཅཱ་ལེག་(Ondřej Slačálek)གིས་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་བྱས་པ་འདི་ནི་རང་སྲོག་ལྕེབས་པ་ཞིག་ཏུ་མི་འདོད་པར་ཁོས། “ཀུན་སྤྱོད་ཀྱི་རིན་ཐང་གི་ཆ་ནས་སྒེར་པས་ནུབ་ཕྱོགས་སུ་ལས་འགུལ་བརྩམས་པ་འདི་ཡང་གཞི་རྩ་དྲང་བདེན་ཡིན་པ་ཁོང་ཚོས་ཁས་བླང་ཀྱང་རུང་མ་བླང་ཀྱང་རུང།” ཞེས་བརྗོད་ཡོད། ཁོང་གི་བསམ་ཚུལ་ལ་པ་ལ་ཁའི་ལས་འགུལ་འདི་ནི་དངོས་སུ་འགོག་རྒོལ་བྱེད་པ་ཞིག་ཏུ་མཐོང་གི་མེད་ལ། མ་ཟད། ཁོང་གིས་ཡཱན་པ་ལ་ཁའི་ཤུལ་བཞག་གི་ནོར་སྐལ་རྣམས་”འཆི་བ་གཟི་བརྗིད་”ཀྱི་བར་ན་སྦས་ཐབས་བྱེད་བཞིན་པ་དག་ཀྱང་འགྲེལ་བརྗོད་བྱས་ཡོད། ཡོ་སེབ་མ་ཤིན་(Josef Mašín)ནི་དམར་ཤོག་འགོག་རྒོལ་ལས་གཞིའི་ཁྲོད་དུ་མཉམ་ཞུགས་བྱེད་མཁན་ཞིག་ཡིན་པ་དང་ཁོང་གིས་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐད་གོང་ལྟར་གཅིག་མཚུང་གསུངས་ཡོད་ལ། ཡང་ཁོང་གིས་དྲག་པོའི་དམག་གི་གནོན་ཤུགས་སྐོར་གསུངས་གསལ་”དམག་དཔུང་ངམ་ཡང་ན་འགོག་རྒོལ་བའི་དཔུང་ཁག་རྣམས་ཀྱིས་དྲག་ཆས་མཚོན་ཆ་སྤྲས་ནས་གཡུལ་དུ་བསྐྱོད་ཏེ་དགྲ་བོ་དང་འཕྲད་སྐབས་གསོད་རྒྱུའི་བཀའ་བསྒྲགས་པའམ་ཡང་ན་རང་ཉིད་འཆི་ལམ་དུ་བཏང་ཚུལ་རྣམས་ལ་བསམ་བློ་ཐོངས“ཞེས་བརྗོད་དོ།

སེ་ལས་སེན་གྱི་ཆོས་དཔོན་ཡིན་དྷི་རིག་ཤ་ར་ཡེར་གྱིས་ (Jindřich Šrajer) ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་ཚུལ་སྒོ་ནས་བརྗོད་ན་འདི་ནི་རང་སྲོག་ལྕེབས་པའམ་ཡང་ན་དཔའ་བོའི་མཛད་རྗེས་གང་ཡང་མིན་པར་འདོད་མོད། འོན་ཀྱང་ཁོས་ཡཱན་པ་ལ་ཁ་ཡིས་གཞན་དོན་ཆེད་དུ་རང་ལུས་མེར་བསྲེགས་བྱས་ཡོད་པ་འདི་གལ་ཆེན་པོ་ཡིན་པར་ནན་བཤད་བྱས་ཡོད། གཞན་ཡང་ཁོང་གིས་ཡཱན་པ་ལ་ཁའི་མངོན་འདོད་ཀྱི་ཞལ་ཆེམས་རྣམས་འཛམ་གླིང་ཁྱོན་ཡོངས་ལ་ཇེ་གསལ་དུ་འགྱུར་བཞིན་ཡོད་པར་དྲན་བསྐུལ་གནང་ཡོད། དེ་དང་ལྷན་དུ་ཁོང་གིས་ངོ་རྒོལ་འདིའི་བྱ་སྤྱོད་འདི་ཉིད་འགྲིག་མིན་ཐད་ལ་དོགས་པ་ཡང་གནང་དོན་”པ་ལ་ཁ་སྒེར་པའི་ཀུན་སློང་དང་ལོ་རྒྱུས་དང་སྲིད་དང་རིག་གཞུང་གང་གི་ཐད་ནས་བལྟས་ཀྱང་བྱ་སྤྱོད་འདིའི་ཤུགས་རྐྱེན་ལ་ང་ཚོས་དཔའ་ངར་ལྡན་པའི་རང་ལུས་མེར་བསྲེགས་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཆོག།ཁོང་གི་བྱ་བ་འདི་ལ་བསྔགས་བརྗོད་བྱེད་ཆོག འོན་ཀྱང་སྤྱིར་བཏང་མིའི་ཚེ་སྲོག་གི་རིན་ཐང་དང་བརྩི་བཀུར་ལ་མཚོན་ན་འདི་ལྟར་བྱེད་རྒྱུའི་བསྐུལ་མ་དང་སློབ་སྟོན་བྱེད་ན་མ་འོས་པ་ཞིག་རེད།“ཅེས་གསུངས་ཡོད་དོ།།

>>>