རེ་བའི་མཐའ་མཇུག
“ཨུ་རུ་སུའི་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་མཉམ་འབྲེལ་གཞུང་གིས། བྷལ་གྷ་རི་ཡ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། ཧཎ་གྷ་རི་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཇར་མན་མི་དམངས་སྤྱི་མཐུན་རྒྱལ་ཁབ། པཱོ་ལེན་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅས་ངོས་ལེན་ཡོད་མདོག་དང་། ཅེག་སི་ལོ་ཝ་ཀ་སྤྱི་ཚོགས་རིང་ལུགས་པའི་སྤྱི་མཐུན་གཞུང་གིས་སྤྱི་ཚོགས་རིང་ལུགས་པའི་མི་མང་ཚོའི་ལུང་པ་རྣམས་སྲུང་སྐྱོབ་ཀྱིས། འཐབ་འཛིང་གི་ཉེན་ཁ་ཤུགས་ཇེ་ཆེར་འགྲོ་བཞིན་པའི་ནུབ་ཇར་མན་གྱི་དམག་དཔུང་སྟོབས་ཤུགས་འགོག་ཆེད། འཕྲལ་སེལ་རིང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་ཚོ་གཅིག་ཅེག་སི་ཝ་ཀི་ཡའི་ནང་སྡོད་ཆོག་རྒྱུའི་མོས་མཐུན་བྱས་པ་རེད།”
སྤྱི་ལོ་ ༡༩༦༨ ཟླ་བ་ ༡༠ ཚེས་ ༡༦ ཉིན་ཅེག་སི་ལོ་ཝ་ཀི་ཡ་དང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གཉིས་བར་བཞག་པའི་ཨུ་རུ་སུའི་དམག་མི་འཕྲལ་སེལ་སྡོད་ཆོག་པའི་སྐོར་གྱི་ཆིངས་ཡིག
སྤྱི་ལོ་ ༡༩༦༨ ཟླ་བ་ ༨ ཚེས་ ༢༦ ཉིན་མཱོ་སི་ཀོ་དུ་ཡོད་པའི་ཅེག་སི་ལོ་ཝ་ཀི་ཡའི་སྐུ་ཚབ་ཀྱིས་“མཱོ་སི་ཀོ་གྲོས་མཐུན་”( Moscow Protocol) ཟེར་བ་དེར་མཚན་རྟགས་བཀོད། དེ་ནི་གསང་བའི་ཡིག་ཆ་ཞིག་ཡིན་ཞིང་། སྐུ་ཚབ་དེ་ཡིས་བི་སོ་ཅ་ནི་(Vysočany)ལ་འཚོགས་པའི་གཟི་བརྗིད་ལྡན་པའི་ཚོགས་འདུའི་ཐག་གཅད་དེ་རྩིས་མེད་གཏང་རྒྱུའི་བསྒྲགས་གཏམ་སོགས་ལ་ངོས་ལེན་བྱས་པ་དང་། ད་དུང་སྐུ་ཚབ་དེས་གསར་ལམ་འཛིན་སྐྱོང་ལ་དག་ཐེར་བྱ་རྒྱུའི་ཁས་ལེན་ཡང་བྱས་པས། ཡང་བསྐྱར་དམ་དྲག་ཞིབ་དཔྱོད་ཆེར་སོང་ནས་བཙན་འཛུལ་སྐོར་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇཊ་ལྷན་ཁང་དུ་གྲོས་མོལ་བྱ་རྒྱུར་བཀག་སྡོམ་བྱས་པ་རེད།དེ་རྗེས་ཆབ་སྲིད་པ་ཚོ་ཅེག་སི་ལོ་ཝ་ཀི་ཡ་ལ་ཕྱིར་ལོག་དུས། མང་ཚོགས་རྣམས་ཀྱིས་ཁོང་ཚོར་ཡིད་ཆེས་མེད་པའི་གནས་སྟངས་བྱུང་ཡོད། དེའི་རྒྱུ་མཚན་ནི་ཁོང་ཚོས་གྲོས་མོལ་གྱི་མཇུག་འབྲས་རྣམས་མང་ཚོགས་ལ་གསལ་བཤད་བྱེད་འདོད་མེད་པས་ཡིན།
མཐར་ཨ་ལེག་ཛྷེན་ཌར་དྷུབ་ཅེག་གིས་སེམས་ཚོར་ཆེན་པོའི་གཏམ་བཤད་ཅིག་བྱས་ནས། ཁོས་མི་སེར་ཚོར་བཅོས་བསྒྱུར་དེ་མགྱོགས་ཚད་དལ་མིན་ལ་མ་ལྟོས་པར་མུ་མཐུད་འགྲོ་རྒྱུ་ཡིན་པའི་ནན་བཤད་བྱས་ནས། མང་ཚོགས་ཀྱི་ཟུར་ཆ་གཅིག་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད། གང་ལྟར་ཀྱང་དེ་རྗེས་ཀྱི་བདུན་ཕྲག་རྣམས་སུ་དོན་དངོས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ཁ་ཕྱོགས་གཞན་ཞིག་ཏུ་སྐྱོད་ཡོད་པ་ཤེས་གསལ་རེད།
མཱོ་སི་ཀོ་གྲོས་མཐུན་(Moscow Protocol)ལ་མཚན་རྟགས་མ་བཀོད་མཁན་ནི་ཧྥ་རན་ཀྱི་ཤེག་ཀི་རི་གྷེལ་(František Kriegl)གཅིག་པུ་ཡིན་ལ། ཁོང་སྤྱི་ལོ་ ༡༩༦༨ ཟླ་བ་ ༩ ཚེས་༦ ཉིན་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་གཙོའི་ལས་གནས་ནས་ཕྱིར་འབུད་བཏང་ཡོད། ཅེག་བརྙན་འཕྲིན་ཁང་(Czech TV)གི་སློབ་སྟོན་པ་ཡི་རི་པེ་ལི་ཀཱན་(Jiri Pelikan)དང་། ཅེག་རླུང་འཕྲིན་ཁང་(Czech Radio)གི་སློབ་སྟོན་པ་ཛྷེ་དྷེ་ཉེག་ཧེའི་ཛྷི་ལར་(Zdenek Hejzlar)གཉིས་ཀྱང་ཡུད་ཙམ་ལས་གནས་ནས་ཕྱིར་འབུད་བཏང་བ་རེད།